2010/06/30

སྦྱང་ཤིང་དང་བོད་ཀྱི་ཡིག་གཟུགས་ཀྱི་དཀའ་ངལ།

ངོ་མཚར་སྟོང་གིས་སྤུད་པའི་གངས་ལྗོངས་ཀྱི་རིག་གནས། །
ཕྱོགས་མཚམས་བརྒྱད་ནས་འཕངས་བའི་དུག་ཞགས་ཀྱི་རྒོལ་རྡུང་། །
ཕྱི་ནང་འགལ་རྐྱེན་གྱི་གཟེབ་བརྒྱར་ཚུད་པའི་རང་རེའི་རིག་གནས་འདི་གསོན་པོར་གནས་རྒྱུ་ནི་རང་རེའི་མི་རིགས་འདི་འཚོ་གནས་ཀྱི་འཕྲོར་གལ་གནད་ཆེ་ཤོས་གཉིས་པ་དེ་རེད། ད་དུང་སྐྱེ་བོ་འགའ་རེའི་སྣང་ངོར་རང་རེའི་རིག་གནས་འདི་འཚོ་རྒྱུ་ནི་རང་རེའི་འཚོ་གནས་ལས་ཀྱང་གལ་ཆེན་དུ་བརྩི། དེ་འདྲ་བའི་གལ་ཆེན་གྱི་བ་ཞིག་གི་ཆེད་དུ་ཤེས་ཡོན་གྱི་ཐད་ནས་ཀྱང་འབད་བརྩོན་རམ་འདེགས་བྱ་རྒྱུ་ཧ་ཅང་གལ་གནད་ཆེ་བ་ཡིན། འདིའི་ཐད་རང་རེའི་ཤེས་རིག་ལས་ཁུངས་ཀྱིས་ཀྱང་། སྲོལ་རྒྱུན་རིག་གནས་སྡེ་ཚན་ལོགས་སུ་བཙུགས་ཡོད། དེས་སྤེལ་བའི་ལས་འགུལ་གཅིག་ནི་གཞི་རིམ་འཛིན་གྲྭར་སྦྱང་ཤིང་ཐོག་ཡིག་གཟུགས་སྦྱོང་དུ་འཇུག་རྒྱུ་དེ་རེད།
ལར་ནས་བྱ་དངོས་གང་ཞིག་ཡིན་ཀྱང་དུས་རབས་ཀྱི་འགྲོས་དང་བསྟུན་ནས་འགྲོ་རྒྱུ་ནི་དེ་ཉིད་འཚོ་གནས་ཀྱི་གནད་དོན་གཙོ་བོ་དེ་ཡིན། དེང་རབས་གློག་ཀླད་ཀྱི་དུས་ལ་སྔར་གྱི་སོས་དལ་གྱི་ཁོམས་ལོངས་དེ་མེད་སྟབས། ཡིག་གཟུགས་གཅིག་བུ་སྦྱོང་བར་མི་ལོ་བདུན་བརྒྱད་ཙམ་གཏོང་བའི་དུས་ཚོད་དེ་ཡལ་ཟིན། དུས་དང་བསྟུན་ནས་འགྱུར་བ་གཏོང་དགོས། གཞི་རིམ་འཛིན་གྲྭར་སྦྱང་ཤིང་ཐོག་ཡིག་གཟུགས་སྦྱོང་དུ་འཇུག་རྒྱུ་འདི་ད་ལྟའི་དུས་སྐབས་དང་མི་འཚམས་པ་དང་། ལག་ལེན་དོན་ཕན་ཚད་ལྡན་ཞིག་ཡོང་ཐབས་མེད་པ་ནི་ང་ཚོ་ལག་ལེན་ལ་དངོས་སུ་ཞུགས་པའི་དགེ་རྒན་ཚོར་མཐུན་སྣང་གཅིག་གྱུར་རེད། གནད་དོན་འདི་ངག་གི་རིག་བྱེད་དུ་མངོན་པར་བྱེད་མཁན་རེ་ཟུང་ལས་མེད་པ་ནི་རྒྱུ་མཚན་གཞན་ཞིག་ཡིན། འདི་ལ་སེམས་ཤུགས་ཀྱིས་མ་འདང་བའི་ཞྭ་མོ་ནག་པོ་ཞིག་གཡོགས་རྒྱུ་ནི་མཐོ་དམན་ཀུན་ཀྱིས་ལས་སུ་སླ་ཡང་དེས་བདེན་དོན་དངོས་ལ་འགྱུར་བ་གཏོང་མི་ཐུབ། དེ་མཚན་དང་སྐྱོན་ཆ་གཉིས་ལ་ཡང་ལྗིད་དཔག་མེད་ཤོར་བའི་གནད་དོན་ཞིག་ལ་ཆེ་བའི་དོན་དུ་ཆུང་བ་བློས་གཏོང་བ་ནི་མཁས་པའི་བྱ་བ་ཞིག་ཡིན་པ་ལས། དེ་ལས་ལྡོག་པ་ནི་འཇིག་རྟེན་ཕལ་བའི་ཚོང་གི་རིགས་ལམ་དང་ཡང་མི་མཐུན་ནོ།
འཕྲོས་དྲ་ངོས་གཞན་ལ་ཡོད་པས་འདིར་ནོན།

སྦྱང་ཤིང་བཀོལ་བའི་ཕན་ཡོན།
སྦྱང་ཤིང་ལ་ཕན་ཡོན་མེད་པ་ག་ལ་ཡིན། འདི་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་གྱི་རིག་གནས་ཤིག་ཡིན་པས་རྒྱུན་མཚན་དེ་ཙམ་གྱིས་ཀྱང་ཉམས་པ་སོར་ཆུད་དང་མི་ཉམས་རྒྱུན་འཛིན་བྱེད་འོས་པ་སྨྲོས་ཅི་དགོས། སྦྱིང་ཤིང་འདིའི་དགེ་མཚན་ཆེ་ཤོས་ནི་སློབ་ཕྲུག་ཡིག་གཟུགས་སྦྱོང་མཁན་ལས་དང་པོ་བ་ཙོར་སྨྱུག་ཁའི་འཐེན་ཕྱོགས་དང་། ཚུགས་མང་ཉུང་གི་གོ་བ་གཏིང་ཟབ་མོར་སྐྲུན་ཐུབ་པ་དེ་རེད། དཔེར་ན་སྨྱུག་ཁའི་འཐེན་ཕྱོགས་ཀྱི་གོ་རིམ་དང་ཚུགས་མང་ཉུང་གི་གྲངས་མི་ཤེས་པའི་སློབ་ཕྲུག་འགའ་རེས་དབུ་མེད་ཀྱི་ གླུ་ ཡིག་ཀྱང་ཚིགས་ཁ གཅིག་གིས་ཚར་བར་འབྲི་བཞིན་འདུག དེ་ནི་ཚུགས་བྲིས་པར་ཞོགས། འཁྱུག་ཡིག་ལ་ཡང་ཧ་ཅང་བྱང་བའི་ཡིག་མཁན་ཞིག་ཀྱིས་ཀྱང་ཡོང་ཐབས་མེད་པ་ཞིག་རེད། འདིའི་རིགས་ལ་ཚུལ་བཞིན་ལམ་སྟོན་བྱེད་མ་ཐུབ་ན་ཕྲུ་གུ་རྣམས་ཀྱིས་ནི་ཡི་གེའི་བཟོ་དབྱིབས་འདྲ་བོ་ཞིག་ཡོང་བར་ལས་གང་སླ་བ་དེ་འདེམས་རྒྱུ་ནི་ཆོས་ཉིད་རེད། ཡིག་གཟུགས་ལེགས་པར་མི་འབྱོར་བའི་རྒྱུ་མཚན་གཙོ་བོ་ཡང་ཡིག་འབྲུ་གང་ཞིག་ལ་དགོས་པའི་སྨྱུག་ཁའི་འཐེན་ཕྱོགས་དང་། ཚུགས་ཁ མང་ཉུང་ཚུལ་བཞིན་མི་བྱེད་པ་ལ་ཐུག་ཡོད། གཞན་ཡང་སྦྱང་ཤིང་ཐོག་ཡི་གེ་བྲིས་པ་རྣམས་གཟུགས་ཆེན་པོ་ཡོད་སྟབས་ལོ་ཆུང་བྱིས་པ་ཚོས་བློ་ཡིས་འཇུ་བདེ་བ་དང་། ཀླད་པར་འཇག་བདེ་བ་ཡིན། ཤོག་བུ་དང་སྣག་ཚའི་འགྲོ་སོང་ཉུང་དུ་འགྲོ་བ་ཡང་སྦྱང་ཤིང་གི་དགེ་མཚན་ཞིག་ཏུ་འདྲེན་ལོས་ཆོག
འཕྲོས་དྲ་ངོས་གཞན་ལ་ཡོད་པས་འདིར་ནོན།

སྦྱང་ཤིང་བཀོལ་བར་ཕྱི་ནང་གི་དཀའ་ངལ།
སྦྱང་ཤིང་གི་ཐོག་ཏུ་ཡིག་གཟུགས་སྦྱོང་བ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཞིག་ཡིན་ན་ཡང་། ད་ལྟ་གློག་ཀླད་ཀྱི་དུས་རབས་འདིར་གཞིགས་ཚེ་འདིའི་ཐོག་ནས་རྗེས་ལུས་ཀྱི་རྣམ་པ་དུ་མ་ཞིག་ཀྱང་མཐོང་རྒྱུ་ཡོད། འདི་ལ་ཡོད་པའི་སྐྱོན་ཆེ་ཤོས་དེ་ནི་འདི་འཕྲོད་བསྟེན་ལ་གནོད་པ་འབྱུང་བ་དེ་ཡིན། དེ་ནི་འདི་ལས་བྱུང་བའི་ཐལ་བ་དེ་ཕྲུ་གུ་ན་ཆུང་གི་མིད་པ་དང་གློ་བར་སོང་ན་འཕྲོད་བསྟེན་ལ་གནོད་ཚབ་ཆེན་པོ་ཡོད་པར་སྣང་། སྨན་པ་མཁས་པས་བརྟག་དཔྱད་གནང་ནས་སྐྱོན་མེད་དུ་གཟིགས་ཡོད་ན་འགྲིག་མོད་། བོད་གཞུང་གིས་དེ་འདྲའི་དོན་གཉེར་ཅང་གནང་མྱོང་ཡོད་དམ་སྙམ། སྔར་གྱི་ས་སྨྱུག་དེ་འཕྲོད་བསྟེན་ལ་གནོད་པར་མཐོང་ནས་ད་སྐབས་དགེ་རྒན་རྣམས་ཀྱིས་ཀྱང་ཐལ་བ་མེད་པའི་ས་སྨྱུག་བེད་སྤྱོད་གནང་གི་ཡོད་པས་ཕྲུ་གུ་རྣམས་ལ་ཐལ་བའི་ཕུང་པོ་དང་ལྷན་དུ་རྩེ་རུ་འཇུག་རྒྱུ་འདི་ཀུན་སྤྱོད་ཀྱི་ཆ་ནས་ཀྱང་ལེགས་པར་གྲས་སུ་ཚུད་དམ། ཐལ་བ་མེད་པའི་སྦྱང་ཤིང་ཞིག་ཏུ་ཡར་རྒྱས་གཏོང་མ་ཐུབ་ན་བྱིས་པའི་ལུས་ལ་ན་ཚ་འདྲེན་ངེས་སུ་འདུག་ཅིང་། དེ་ནི་དེང་རབས་ཀྱི་སྤྱི་ཚོགས་ནང་དུ་སྣང་མེད་དུ་འཇོག་ཐུབ་པ་ཞིག་ག་ལ་ཡིན། གོས་སློག་བཙོག་པ་བཟོ་བ་ནི་ཕྱིའི་མཐོང་སྣང་དུ་ཡོད་པའི་དཀའ་ངལ་ཆུང་ཙག་ཙམ་རེད།
གཞན་དེང་རབས་ཀྱི་དུས་ཚོད་འདིར་སྦྱང་ཤིང་བེད་སྤྱོད་བྱེད་པའི་དཀའ་ངལ་ཆེ་ཤོས་ནི་དུས་ཚོད་རེད། དུས་ཀྱི་ཁ་ཕྱོགས་འདིར་གཞིགས་ན་འབྱུང་འགྱུར་ཡང་དུས་ཚོད་ཀྱི་མུ་གེ་དེ་མུ་མཐུད་ནས་ཆེ་རུ་མ་སོང་རུང་ཆུང་དུ་འགྲོ་བའི་རྟགས་མཚན་གང་ཡང་མེད། དུས་ཚོད་ཀྱིས་ཕོངས་བའི་འབྱུང་འགྱུར་དང་ད་ལྟའི་སྐྱེ་བོ་རྣམས་ལ་དུས་ཚོད་ལྷག་མ་སྦྱིན་ཐུབ་པའི་ཐབས་ལམ་ཞིག་ཡོད་ན་བཟང་བ་ལས། དུས་ཚོད་ལྷག་མ་སྤྲོད་དགོས་པའི་ཐབས་ལམ་ཞིག་འཚམས་སྦྱོར་བྱས་ན་དེ་ནི་ཐབས་བཟང་པོ་ཞིག་དང་། ཐབས་མཁས་པ་ཞིག་ག་ལ་ཡིན།
གཞུང་གི་བཀའ་དང་འགལ་མ་ཕོད་པ་འམ་འགལ་མ་འདོད་པར་གོང་རིམ་ལ་སྤྱན་འབུལ་ཞུ་ཆེད་དང་། འདྲ་དཔར་ཙམ་ལེན་ཆེད་དུ་དུས་རེ་ཐེངས་རེ་འཛིན་གྲྭར་སྟོན་པ་ཙམ་ལས་ལག་ལེན་ཐོག་བོད་ཡིག་ཡིག་གཟུགས་ཡར་རྒྱས་འགྲོ་ཕྱིར་སྦྱིང་ཤིང་བེད་སྤྱོད་ལྷུག་པོར་གཏོང་ཐུབ་ཀྱི་མེད་པ་ནི་གཡོལ་དུ་མེད་པའི་དོན་དངོས་ཤིག་རེད།
ལར་ནས་དུས་རབས་གསར་བའི་ནང་དུ་ཡིག་གཟུགས་ཀྱི་གལ་ཆེའི་རང་བཞིན་དེ་དུས་རབས་རྙིང་པའི་སྐབས་ལྟྲ་ཆེན་པོ་མིན། སྔར་གྱི་དུས་སུ་ཡང་སུག་བྲིས་མཛེས་པ་དང་། ཡོན་ཏན་ཆེ་བ་གཉིས་ལ་འབྲེལ་བ་ཧ་ལམ་མེད་ཅིང་། དོན་དངོས་དེ་ནི་ད་ལྟའི་དུས་སུ་ཡང་ཡིན་ལ་མ་འོངས་པར་ཡང་དེ་ལྟར་གནས་ངེས་ཡིན། ཡིག་གཟུགས་ནི་སྒྱུ་རྩལ་ཞིག་ཡིན་ཞིང་། དེ་ནི་ཡོད་ན་བཟང་མོད་མེད་ཀྱང་ཆོག་པའི་ཡོན་ཏན་བྱེ་བྲག་པ་ཞིག་ཡིན་པ་ལས་ཀུན་ལ་ཡོད་དགོས་པའི་ཆ་རྐྱེན་ཞིག་མིན། དེར་མ་ཟད་ཡིག་གཟུགས་འདི་སྐྱེ་བོ་ཐམས་ཅད་ལ་གཅིག་མཚུངས་སུ་ལྡན་ཐབས་ཀྱང་མེད་ལ། ལྡན་དགོས་པའི་རྒྱུ་མཚན་ཀྱང་མེད། དེ་ལས་ལྡོག་པར་ཤེས་བྱ་ཡོན་ཏན་ནི་ཡིག་གཟུགས་ལྟར་མ་ཡིན་པར་སྐྱེ་བོ་ཐམས་ཅད་ལ་མེད་དུ་མི་རུང་བའི་དགོས་མཁོ་ཞིག་ཡིན།
འོ་ན་ཡི་གེ་འབྲི་མ་ཤེས་ན་ཆོག་ཟེར་བ་ཡིན་ནམ། ཟེར་ན་ག་ལ་ཡིན་སྟེ་མིན། ཡི་གེ་འབྲི་ཤེས་དགོས་ལ་ཡིག་གཟུགས་ཀྱང་ལེགས་དགོས། འོ་ན་ཁྱོད་ཀྱིས་སྨྱོ་གཏམ་ལྟ་བུ་ཅི་ཞིག་བཤད་ཀྱི་ཡོད་དམ། ཞེས་དགོངས་ན་འདི་ལྟ་སྟེ། བདག་གི་བསམ་ཚུལ་ལ་ད་ལྟ་རང་རེས་ཡིག་གཟུགས་ཀྱི་མཛེས་དཔྱོད་རིག་པ་འདི་ལ་ནོར་འཁྲུལ་ཆེན་པོ་ཞིག་འདུག གང་ལགས་ཤེ་ན། ཡིག་གཟུགས་ནི་སྐྱེ་བོ་བྱེ་བྲག་སོ་སོར་རང་རང་གི་ཁྱད་ཆོས་སུ་ཡོད་པའི་སྒེར་ཆོས་ཤིག་ཡིན་པ་ལས། རང་རེའི་རེ་མདུན་ལྟར་བྲིས་གཟུགས་རེ་གཉིས་ཤིག་གཞི་ལ་བཞག་ནས་དེ་ལྟར་མ་ཐོན་ན་ཡིག་གཟུགས་མི་ལེགས་པ་དང་། ཁུངས་མེད་པར་བརྩི་བ་འདི་ནོར་བ་ཡིན། རྒྱུ་མཚན་ནི་ཡིག་གཟུགས་ལ་བལྟས་ནས་གང་ཟག་སྒེར་གྱི་གཤིས་ཀ་མཚོན་ཐུབ་པར་བཤད་ཀྱི་ཡོད་པ་དང་། དེས་ན་ཤེས་རབ་ཀྱི་ཡིག་གཟུགས་དེ་བསམ་གཏན་གྱི་ཡིག་གཟུགས་དང་མཐུན་ཐབས་ག་ལ་ཡོད། ཤེས་རབ་དང་བསམ་གཏན་གཉིས་ཀྱི་རྒྱུད་ཐ་དད་ཡིན་པ་མ་ཟད། གཤིས་ཀ་ཡང་ཐ་དད་པས་སོ།
ཡིག་གཟུགས་གཅིག་རང་དཔེར་བཞག་ནས་གཞན་ཐམས་ཅད་དེ་ལྟར་དུ་མ་ཐོན་ན་ངོས་ལེན་མི་བྱེད་པ་འདི་ནི་དེང་རབས་ཁྲོམ་རའི་འགྲན་རྩོད་ཀྱི་ནང་དུ་ཚོང་ཟོག་གི་ཚོང་རྟགས་ངོས་ལེན་བྱེད་ཚུལ་དང་འདྲ་བ་ཡིན། དཔེར་ན། བཟོ་ཚོང་ཁང་ཆེན་པོ་ཚོས་རང་རང་གི་ཐོན་རྫས་ཀྱི་མིང་ཡིག་དེ་ཡིག་གཟུགས་ཀྱིས་ཟུར་ཙམ་ཡང་མི་མཚུངས་བ་མེད་པར་གློག་ཀླད་ལས་བཤུས་ནས་ཇི་མ་ཇི་བཞིན་ཡོང་དགོས་ཀྱི་ཡོད། དེ་ཡང་བཟོ་ཚོང་ཁང་གང་དང་གང་དེའི་ཁྱད་ཆོས་སམ་སྒེར་ཆོས་མངོན་ཆེད་དུ་ཡིན། གང་ཟག་གི་ལག་པས་བྲིས་པའི་ཡིག་གཟུགས་ལ་དེ་ལྟར་ཡོང་ཐབས་མེད་ལ། ཡོང་ཡང་མི་དགོས། དེ་ལྟར་གཟུགས་མ་མཐུན་པ་དེ་ཡིག་གཟུགས་མི་ལེགས་པར་ཇི་ལྟར་བརྩི་འོས་སམ། འདི་ནོར་བ་མིན་ན་ཅི་ཡིན། ཤེས་རབ་ཀྱིས་བསམ་གཏན་གྱི་ཡིག་གཟུགས་དང་འདྲ་བོ་ཞིག་ཡོང་མ་ཐུབ་ཀྱང་། ཤེས་རབ་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་ཡིག་གཟུགས་ལེགས་པོ་ཞིག་ངེས་པར་དུ་འབྲི་ཐུབ་པའི་གོ་སྐབས་ཡོད།
འཕྲོས་དྲ་ངོས་གཞན་ལ་ཡོད་པས་འདིར་ནོན།

ཡིག་གཟུགས་ཀྱི་མཛེས་དཔྱོད་རིག་པ་གསར་བ་འཚམས་སྦྱོར་བ།
དེས་ན་ཡིག་གཟུགས་བཟང་ཞན་ལ་ཚད་གཞི་ཞིག་ཇི་ལྟར་འཇོག་གམ་སྙམ་ན། འདིར་བདག་གིས་བསམ་པར་ཡིག་གཟུགས་མཛེས་དཔྱོད་ཀྱི་ཚད་གཞི་བརྒྱད་ཙམ་ཡོད་པ་དེ་དག་ནིཿ གལ་ཆེ་རིམ་གྱི་སྒོ་ནས་བཞག་ན། ༡ ཀུན་གྱིས་ཀློག་སླ་བ། ༢ རང་གཤིས་སུ་ཐལ་མ་དྲགས་པ། ༣ གཟུགས་བརྟན་པ། ༤ གྲ་མཉམ་པ། ༥ གཙང་བ། ༦ བྱང་ཆ་མངོན་པ། ༧ མགྱོགས་གཟུགས་མངོན་པ། ༨ གཟུགས་ཆུ་བ་སོགས་ཀྱིས་དཔྱོད་དགོས་པར་སྣང་། དེ་མིན་ངས་ཁོའི་ཡིག་གཟུགས་དང་གཅིག་པར་ཐོན་མེ་ན་ངའི་ཡིག་གཟུགས་མི་ལེགས་པར་བརྩི་བ་ག་ལ་ཡིན། དེས་ན་འདི་དག་ཅུང་ཟད་འགྲེལ་དགོས་པས་འདི་ལྟ་སྟེ།
༡ དང་པོ་ཀུན་གྱིས་ཀློག་སླ་བ་ཟེར་བ་འདི་སྐྱེས་པོ་གང་ཞིག་གིས་སུས་བྲིས་སུ་བྲིས་པའི་དུམ་བུ་གང་ཞིག་སྐྱེ་བོ་སུའི་མདུན་དུ་བསྟན་ཀྱང་དེ་ཀློག་པ་ལ་དཀའ་ངལ་ཡེ་ནས་མེད་པ་ཞིག་དགོས། ཀློག་པའི་ཚེ་ན་སྒོ་ཆེན་ཧད་ཀྱིས་ཕྱེས་པ་དང་འདྲ་བ་ཞིག་དགོས་པ་ལས་སྒེའུ་ཁུང་ནས་ཅ་ལག་བཏོན་པ་ལྟ་བུ་མི་རུང་།
༢ གཉིས་པ་རང་གཤིས་སུ་ཐལ་མ་དྲགས་པ་ཟེར་བ་ནི། གང་ཟག་མི་འདྲ་བར་ཡིག་གཟུགས་མི་འདྲ་བ་ཡོང་ཆོག་མོད། མི་འདྲ་བའི་ཚད་ངེས་ཅན་ཞིག་ཏུ་གནས་དགོས་པ་དེ་ཡིན། འདི་ནི་ཚད་གཞི་དང་པོ་དང་འབྲེལ་ཡོད། དཔེར་ན་ར་བཏགས་ལྟ་བུ་འདོགས་དང་མིང་གཞི་སོགས་གཟུགས་གང་ཡང་རུང་བ་ཞིག་ཏུ་ཚུལ་ཇི་ལྟར་དུ་བྲིས་ཀྱང་རུང་འབྲི་ཆོག འོན་ཀྱང་བྲིས་པའི་ཡིག་གཟུགས་དེ་ལ་སྐྱེ་བོ་སུས་བལྟས་ཀྱང་ཡིག་གཟུགས་དེ་རང་དུ་འཁྲུག་གཞི་གང་ཡང་མེད་པར་བློ་ངོར་ལྷང་ངེར་འཆར་བ་ཞིག་དགོས། དེ་ཙམ་གྱིས་འགྲིག་པ་ལས་གི་གུ་ཆུང་དྲགས་འདུག་དང་། ན་རོ་རིང་དྲགས་འདུག་ཟེར་བ་ལྟ་བུ་ལ་རྩ་ཆེན་དུ་ཡེ་ནས་འཛིན་མི་དགོས། དེ་ནི་གང་ཟག་སྒེར་གྱི་མཐོང་ཕྱོགས་སུ་སོང་བ་ཡིན་པས་མཛེས་དཔྱོད་ཀྱི་ལག་ཆར་བཀོལ་མི་རུང་། གཟུགས་གང་ཡིན་ཡང་ཚད་ལས་བརྒལ་ཆོག་པ་ཞིག་མིན་ལ། དེ་ལྟར་བརྒལ་ན་ཚད་གཞི་དང་པོ་དང་བྲལ་བ་ཡིན།
༣ གཟུགས་བརྟན་པ་ནིཿ སྐྱེ་བོ་སུ་ཞིག་གིས་བྲིས་པའི་སུག་བྲིས་གང་ཞིག་གི་ནང་དུ། དཔེར་ན་ཕྲེང་དང་པོར་ར་བཏགས་རིང་ཙམ་དང་། ཕྲེང་གཉིས་པ་སོགས་སུ་དེ་ལས་ལྡོག་པར་བྲིས་པ་ལྟ་བུ་དེ་བཟང་རྟགས་མིན། འདི་ཡིག་གཟུགས་ལ་བྱང་ཆ་མེད་པ་དག་ལ་འོང་པ་མང་།
༤ གྲ་མཉམ་པ་ནིཿ སྐྱེ་བོ་སུ་ཞིག་གི་སུག་བྲིས་ཕོན་ཇི་ཙམ་བྲིས་ཀྱང་། སུག་བྲིས་གང་དེར་ཕྱོགས་གང་ནས་བལྟས་ཀྱང་ཆེ་ཆུང་ཡེ་ནས་མ་ཤོར་བར་གྲ་མཉམ་པོ་ཞིག་དགོས། དེ་ལྟར་བྱུང་ན་མིག་ལ་མཛེས་པ་ཡིན་ཞིང་། ཡིག་གཟུགས་ལེགས་ཉེས་ཟེར་བ་ནི་གཙོ་བོ་མིག་ལ་མཛེས་མིན་ལ་ཐུག་པ་ཡིན། འདི་ཡང་བྱང་ཆ་མེད་པ་དག་ལ་འོང་དཀའ་བ་ཡིན།
༥ གཙང་བ་ནིཿ སྐྱེ་བོ་སུ་ཞིག་གིས་སུག་བྲིས་གང་ཞིག་གི་ནང་དུ་བྲིས་བསུབ་སོགས་ནག་ནོག་གི་རིགས་ཡེ་ནས་མེད་པ་ཞིག་དགོས། འདི་ནི་གང་ཟག་བྱེ་བྲག་པ་དག་གི་སེམས་ཁམས་ལ་ཡང་འབྲེལ་བ་ཡོད་སྲིད་མོད། གཙང་མ་མེད་པ་འདི་ཡིག་གཟུགས་ཀྱི་སྐྱོན་ཞིག་ཏུ་ངེས་པར་བརྩི་དགོས། གཙང་བ་ཟེར་བ་འདི་ནག་ནོག་མེད་པ་ཙམ་དུ་མ་ཟད་ཚུགས་ཁ་སྤུས་དག་པ་ལ་ཡང་གོ་དགོས། དེ་ནི་ཚུགས་ཁ་དྲང་ཆ་ལས་འབྱུང་། ཚུགས་ཁ་དྲང་པོ་ཟེར་བ་ནི་སྨྱུག་གུ་འཐེན་སྐབས་སེམས་དང་ལག་པར་ཐེ་ཚོམ་མེད་པར་ཤར་མར་འཐེན་ན་འབྱུང་བ་ཡིན། སེམས་པ་དང་ལག་པར་ཐེ་ཚོམ་མེད་ཀྱང་ལག་པ་འདར་བའི་གང་ཟག་གིས་འདི་ཐོན་མི་ཐུབ།
༦ བྱང་ཆ་མངོན་པ་ནིཿ སྐབས་རེ་སྐྱེ་བོ་གང་སུ་ཞིག་གིས་སུག་བྲིས་གང་ཞིག་གི་ནང་དུ་ཡིག་གཟུགས་བྱེ་བྲག་པར་མི་བལྟ་བར་ཧད་ཀྱིས་བལྟས་ན་ཡིག་གཟུགས་བཟང་བ་ལ་ཨང་སྙམ་པ་ཞིག་ངང་གིས་འཆར་འོང་། འདི་ནི་རྒྱུ་མཚན་ལྐོག་གྱུར་བ་ལྟ་བུ་ཞིག་གིས་འབྱུང་བཞིན་ཡོད་མོད། གཙོ་བོ་ཚུགས་ཁ་དྲང་མོ་བྱུང་ན་དེ་ཡོང་བར་སྣང་། འདི་སྐྱེ་བོ་སུ་ཞིག་གིས་ཇི་ཙམ་སུག་བྲིས་ཕོན་ཆེན་པོར་བྲིས་པ་དེ་ཙམ་གྱིས་ཡིག་གཟུགས་དེར་སྣང་ཚུལ་དེ་ཆེ་རུ་འོང་བ་ཡིན། འདི་ནི་ཚད་གཞི་ལྔ་བ་ལ་འབྲེལ་ཡོད།
༧ མགྱོགས་གཟུགས་མངོན་པཿ འདི་ནི་ཚད་གཞི་དྲུག་པ་དང་འབྲེལ་བ་ཆེ། དེ་ཡང་སྐྱེ་བོ་གང་སུ་ཞིག་གིས་བྲིས་པའི་སུག་བྲིས་གང་ཞིག་ལ་བལྟས་སྐབས་སུ་སྣག་ཚ་འབོ་ཚད་དམ་སྣག་ཚ་རྒྱུག་ཚད་དང་། ཤོག་ཐོག་ཏུ་ཤུགས་ཚད་ཆེ་ཆུང་། ལྡེམ་ལག་ཆེ་ཆུང་སོགས་ཁྱད་ཆོས་དུ་མ་ཞིག་མངོན་ཐུབ། དེ་ནི་མགྱོགས་བྲིས་བྱེད་ཐུབ་མཁན་ཚོས་མང་དུ་ཡོང་ཐུབ།
༨ གཟུགས་ཆུ་བཿ སུག་བྲིས་གང་ཞིག་ལ་ཡིག་གཟུགས་ཕྲ་ཞིང་ལྕུག་པ་ཞིག་ཡོད་ན་དེ་ཡང་བཟང་ཆ་ཞིག་ཡིན་པས་ཡིག་གཟུགས་བཟང་རྟགས་སུ་བརྩི་ཆོག་པར་སྙམ། དེ་དག་ནི་སྐྱེ་བོ་གང་ཞིག་གི་ཡིག་གཟུགས་ལེགས་ཉེས་དཔྱོད་པའི་ཚད་གཞི་བརྒྱད་ཡིན།
འཕྲོས་དྲ་ངོས་གཞན་ལ་ཡོད་པས་འདིར་ནོན།

ཡིག་གཟུགས་ཡག་པོ་མི་འབྱུང་བའི་རྔུན་པ་འདིར་བདག་གི་བསམ་ཚུལ།
དང་པོ་རང་རེའི་བཙན་བྱོལ་སྤྱི་ཚོགས་ཁྲོད་ཡིག་གཟུགས་ཡག་པོ་མི་འབྱུང་བའི་རྒྱུ་རྐྱེན་སྐོར་བདག་གི་བསམ་འཆར།
ད་སྐབས་རང་རེའི་སྤྱི་ཚོགས་ནང་དུ་སློབ་ཕྲུག་ཚོས་བོད་ཡིག་ཡག་པོ་མེད་པ་དང་། ཡིག་གཟུགས་ཡག་པོ་མེད་པའི་སྐད་ངན་མང་པོ་ཞིག་འཆོར་བཞིན་ཡོད། འདི་ལ་གཞི་མེད་པའི་རྔུན་པ་འཆོར་བའི་ཆ་ཡང་ཆེན་པོ་འདུག དེ་ཡང་རང་རེས་ཡིག་གཟུགས་ཀྱི་མཛེས་དཔྱོད་འདི་གུ་དོགས་དྲགས་པའི་དབང་གིས་ཚད་གཞི་འཛིན་སའི་ཡིག་གཟུགས་གཅིག་ཙམ་ཞིག་ལ་ཁོངས་བཅོལ་དྲགས་འདུག དེའི་སྟབས་ཀྱིས་སྐྱེ་བོ་སོ་སོས་ཡིག་གཟུགས་དེ་འདྲ་ཞིག་མ་ཐོན་སྐབས་ཡིག་གཟུགས་མི་བཟང་བར་བརྩིས་པ་འདི་ལ་གཙོ་བོ་ལན་འདུག
གཞན་ཡང་ཡིག་གཟུགས་མི་ལེགས་པའི་གནད་དོན་མེད་པ་མིན་ལ། འདི་ལ་རྒྱུ་མཚན་མང་དུ་ཡོད་ངེས་ཀྱང་གལ་ཆེ་བ་ཁ་ཤས་ཤིག་ཡོད་པ་འདི་དག་ཡིན། ཡིག་གཟུགས་ཡག་པོ་མི་འོང་བའི་རྒྱུ་མཚན་གཙོ་བོ་ནི་ད་ལྟའི་རང་རེའི་ཡེ་གེ་སློབ་པའི་ལམ་ལུགས་འདིར་ཐུག་འདུག དེ་ཡང་རང་རེས་གཞི་རིམ་སློབ་གྲྭར་ཐོག་མར་ཀ་ཁ་སློབ་སྐབས་དབུ་མེད་ཀྱི་ཐོག་ནས་སློབ་པ་འདི་མ་འགྲིག་པ་ཡིན། འདི་ཡིན་པའི་རྒྱུ་མཚན་སྒྲུབ་བྱེད་འགའ་ཞིག་གསན་འདོད་ན་འདིར་ལྟརཿ
༡ ད་ལྟ་རང་རེས་ཡི་གེ་སློབ་སྐབས་ཡིག་གཟུགས་འགྱུར་བའི་རང་བཞིན་གྱི་གོ་རིམ་ལས་ཕྱིར་ལྡོག་གིས་ཐོག་མར་དབུ་མེད་ནས་འགོ་བཙུགས་ནས་སློབ་ཀྱི་ཡོད་པ་དང་། ལམ་ལུགས་འདི་ནི་རང་རེའི་ཡི་གེའི་འགྱུར་ཚུལ་གོ་རིམ་དང་མི་མཐུན་པས་ཤེས་རྟོགས་རིག་པའི་ཁྲིམས་སྲོལ་ལམ་རིགས་ལམ་དང་མི་མཐུན་པར་ལྡོག་ཕྱོགས་སུ་ཕྱིན་པ་ཡིན། དེའི་ཕྱིར་ཕྲུ་གུའི་སེམས་སུ་ཡི་གེའི་དལ་འགྱུར་ངེས་སྲོལ་འཁྲུག་ནས་ཕྲུ་གུའི་སེམས་ཁམས་ཀྱི་འཚར་ལོངས་ལ་ཡང་གནོད་སྐྱོན་གཏོང་གི་ཡོད། གང་ལགས་ཤེ་ན་འདིས་ཕྲུ་གུའི་སེམས་ཁམས་ལ་རྙོག་འཛིང་ཛ་དྲག་ཅིག་སྐྲུན་བཞིན་ཡོད། དཔེར་ན་ ས་ ཡིག་ལྟ་བུར་ཆ་བཞག་ན། ཕྲུ་གུའི་སེམས་ངོས་སུ་དབུ་ཅན་གྱི་ས་ལས་དབུ་མེད་ཀྱི་ས་རུ་འགྱུར་བའི་ངེས་སྲོལ་དེ་འཁྲུག་ནས་ ས་ ཡིག་དངོས་ནི་དབུ་མེད་ཀྱི་ས་འདི་ཡིན་པ་དང་། གཞུང་ཆེན་མོ་དག་ཏུ་ཅིའི་ཕྱིར་དབུ་ཅན་གྱི་ས་འདི་བྲིས་སམ་སྙམ་པ་དང་། འབྲི་བའི་ཚེ་ན་གཟུགས་གཅིག་དང་ཀློག་པའི་ཚེ་ན་གཟུགས་གཞན་ཞིག་ཡོད་དགོས་པ་སྐད་ཡིག་གཞན་ལ་མེད་པའི་དཀའ་ངལ་དེ་ཅི་ཡིན་ནམ་སྙམ་པ་སོགས་དོགས་པ་དང་མགོ་རྙོག་མང་དུ་འབྱུང་། དེ་བཞིན་ལ་བཏགས། ཁ་ཡིག ད་ཡིག ང་ཡིག སོགས་ཁྱད་པར་ཆེན་པོ་ཡོད་པའི་ཡི་གེ་ཀུན་ལ་དེ་ལྟར་ཡིན། ལུགས་སྲོལ་འདིས་སྐྱེ་བོ་ཞིག་ལ་དགོས་པའི་གཞི་རྩའི་འབྲི་ཀློག་གི་ཡོན་ཏན་དེ་སྐྲུན་པར་དགོས་མེད་ཀྱི་དཀའ་ངལ་སྣོན་མ་ཟིག་སྤྲོད་བཞིན་ཡོད།
སེམས་ཁམས་ཀྱི་རྙོག་འཛིང་འདི་ཕྲུ་གུ་དེ་དག་ལ་མཚོན་ན་གནད་དོན་ཆུང་ཙག་ཅིག་ཡེ་ནས་མིན། རྙོག་འཛིང་འདི་སེལ་བར་མི་ལོ་མང་པོ་འགོར་དགོས་ཤིང་། འགའ་རེར་ནི་མི་ཚེ་གང་ལ་སེལ་མི་ཐུབ་པར་ལུས་ངེས་ཡིན། ཇི་སྲིད་སེམས་ཁམས་ཀྱི་རྙོག་འཛིང་འདི་རིགས་མ་སེལ་བ་དེ་སྲིད་བོད་ཡིག་ཡིག་གཟུགས་ཀྱི་གོ་རྟོགས་རྣལ་མ་ཞིག་ཡོང་མི་ཐུབ་པ་ནི་རིགས་པས་འགྲུབ་སླ། སེམས་ཁམས་ཀྱི་རྙོག་འཛིང་གང་ཞིག་ཡིན་རུང་དེས་ལུས་སེམས་གཉིས་ཀར་དཀའ་ངལ་གཞན་དག་འདྲེན་རྒྱུ་ཡིན་པ་ནི་དེ་བས་གསལ་བོར་ཡོད་པའི་གནས་ལུགས་ཤིག་རེད། ལྷག་པར་དུ་ཧ་ཅང་གཉེན་ཞིང་ལྕུག་པའི་ཕྲུ་གུའི་ལུས་སེམས་ལ་ཤུགས་རྐྱེན་དེ་གཞན་ལས་སླ་བར་འཐེབ་སླ་བ་དང་ཐེབས་པ་གཞན་ལས་ལྕི་བ་ཡོང་རྒྱུ་ཡིན་པ་བཤད་ཅི་དགོས། དཀའ་ངལ་འགའ་རེ་ནི་འཚོ་བའི་ནང་དུ་གཡོལ་དུ་མེད་པར་ཡོང་རྒྱུ་ཡིན་པས་བྱེད་ཐབས་མེད་ཀྱང་། གལ་སྲིད་འདི་ལྟ་བུའི་དཀའ་ངལ་ནི་ཕྲུ་གུ་གཅིག་ཁོ་ན་ལ་བྱུང་རུང་། དེ་ནི་དགོས་དོན་མེད་པར་བྱུང་བ་ཡིན་པས་དེ་ལས་འགྱོད་ཅིག་གང་དུ་ཡོད། དཀའ་ངལ་གང་ཞིག་སེལ་བའི་ཐབས་ལམ་རང་ལག་ཏུ་ཡོད་བཞིན་དུ་མ་བཀོལ་ན་སྨན་ལག་ཏུ་བཟུང་ནས་འཆི་རུ་བཅུག་པ་དང་གཉིས་སུ་མེད་པས་དོན་མེད་ཀྱི་དཀའ་ངལ་འདིའི་ལེ་ཁག་སུ་ལ་བཀྲི།
༢ ཡིག་གཟུགས་ནི་ལག་པའི་རྒྱུ་རྩལ་ཞིག་ཡིན་ཞིང་། སྐྱེ་བོ་གང་ཞིག་ལ་སྐད་ཡིག་ག་གེ་མོ་ཞིག་གི་ཡིག་གཟུགས་ཡག་པོ་ཡོད་ན་སྐད་ཡིག་གཞན་ཞིག་གི་ཡིག་གཟུགས་ཀྱང་སྤྱིའི་ཆ་ནས་ཡག་པོ་ཡོད། སྦྱང་བ་མང་ཉུང་ཤོར་ཡོད་ན་གནས་ཚུལ་གཞན་རེད། ད་སྐབས་རང་རེའི་སློབ་ཕྲུག་རྣམས་ལ་དབྱིན་ཡིག་འབྲི་བར་ཡིག་གཟུགས་ལེགས་པོ་མི་འབྱུང་བའི་དཀའ་ངལ་གང་ཡང་མེད་ཅིང་། ཧིན་དི་འབྲི་བ་ལ་ཡང་དེ་བཞིན་ཡིན། འོ་ན་བོད་ཡིག་འབྲི་བར་འདི་འདྲའི་དཀའ་ངལ་ཆེ་དོན་ཅི་ཡིན་ནམ།
ཟུར་དུ་དཔེ་ཕུལ་བ་བཞིན་སློབ་མ་འདིའི་དབྱིན་ཇི་ཡིག་གཟུགས་དེ་འདྲའི་ཡག་པོ་ཡོད་པ་ལ་བོད་ཡིག་གི་ཡིག་གཟུགས་འདི་ཙམ་བྱུང་དོན་གང་ཡིན། ཁོ་མོ་ནི་ང་ཚོའི་སློབ་གྲྭའི་འཛིན་རིམ་བརྒྱད་པའི་ནང་དུ་ཤེས་ཡོན་དང་བརྩོན་འགྲུས་སོགས་གང་ཐད་ནས་སློབ་ཕྲུག་དཔེར་མཚོན་དུ་འོས་པའི་སློབ་ཕྲུག་ཅིག་ཡིིན་པ་མ་ཟད། ཁོ་མོའི་བོད་ཡིག་གི་དགེ་རྒན་ཡང་བཙན་བྱོལ་སློབ་གྲའི་ནང་ན་སྙན་གྲགས་འབྲུག་ལྟར་གྲགས་ཤིང་། ཡིག་གཟུགས་ལ་མཆོག་ཏུ་བསྔགས་པའི་དགེ་རྒན་རྒན་པ་ཉམས་མྱོང་ཅན་ཞིག་རེད། ད་དུང་ཞུ་རྒྱུ་ཞིག་ལ་དགེ་རྒན་འདིས་དུས་ཚིགས་དང་པོའི་ཡིག་རྒྱུགས་མ་རན་པར་དུ་ལོ་གཅིག་གི་ཟླ་བ་གསུམ་ཙམ་གྱི་རིང་ལ་སློབ་ཚན་མི་སློབ་པར་ཡིག་གཟུགས་ཁོ་ན་སྦྱོང་བརྡར་བྱེད་བཅུག་པ་མཁན་ཞིག་ཀྱང་ཡིན། འོ་ན་ཕྱི་ནང་གི་མཐུན་རྐྱེན་དེ་ཙམ་འཛོམས་ན་ཡང་བོད་ཡིག་གི་ཡིག་གཟུགས་དང་། དབྱིན་ཇིའི་ཡིག་གཟུགས་ལ་བཟང་ངན་འདི་འདྲ་ཞིག་འཆོར་དོན་གང་ཡིན་ནམ། སློབ་ཕྲུག་གི་ཡིག་གཟུགས་དང་དགེ་རྒན་གྱི་ཡིག་གཟུགས་ལ་འབྲེལ་བ་ཆེན་པོ་ཡོད་པས་དགེ་རྒན་གྱི་ཡིག་གཟུགས་བཟང་བ་ཙམ་གྱིས་སློབ་ཕྲུག་གི་ཡིག་གཟུགས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། ད་དུང་ཞུ་དགོས་པ་ཞིག་ལ་སློབ་ཕྲུག་འདིའི་དབྱིན་ཇིའི་དགེ་རྒན་ནི་ཡིག་གཟུགས་ལ་ཁྱད་དུ་འཕགས་པ་དེ་འདྲ་གང་ཡང་མིན། གོང་གི་དྲི་བ་དེ་དག་གི་ལན་ནི་རང་རེའི་སློབ་སྟངས་འདི་འཆུགས་འདུག་ཟེར་རྒྱུ་ལས་ཁོ་བོས་གཞན་རྒྱུ་མཚན་མི་རྙེད་དོ།
༣ མདོ་སྨད་ཕྱོགས་སུ་ལོ་རིམ་ལྔ་དྲུག་ཙམ་འགྲིམ་ཟིན་པའི་སློབ་ཕྲུག་ཅིག་ལ་ཡང་བོད་ཡིག་འབྲི་བའི་དཀའ་ངལ་ཕར་ཞོགས། ད་དུང་ངོམ་དུ་རི་བའི་ཡིག་གཟུགས་ཤིག་སྟོན་རྒྱུ་ཡོད། འདི་གཅིག་བུ་མ་རེད། འབྲུག་ཡུལ་ན་དབུ་ཅན་བཀོལ་སྤྱོད་བྱེད་ཀྱི་ཡོད་ལ། ད་ལྟ་བར་དུ་འབྲུག་ཡུལ་ན་ཡིག་གཟུགས་ཡག་པོ་འབྲི་མི་ཐུབ་པའི་སྡུག་མུས་འདིི་འདྲ་ཞིག་ཡེ་ནས་གོ་རྒྱུ་མེད། ད་ལྟ་རང་རེ་བཙན་བྱོལ་སློབ་མ་ཞིག་ལོ་རིམ་བཅུ་གཉིས་བར་དུ་སློབ་གྲྭ་འགྲིམ་རུང་ད་དུང་ཁོ་ལ་སྟོན་འོས་པའི་ཡིག་གཟུགས་ཤིག་མེད་པ་མ་ཟད། མཐའ་ན་གང་ཟག་རང་ཉིད་ལ་དཔག་པའི་ཡི་གེ་ཞིག་འབྲི་བའི་གཞི་རྩའི་དཀའ་ (བོད་ཡིག་ཐོག) ཡང་སེལ་མེད། འཛིན་གྲྭ་བཅུ་གཉིས་ལ་སོན་པའི་སློབ་སྤྱིར་བཏང་བ་ཞིག་གིས་བྲིས་པའི་བོད་ཡིག་དེ་མི་གཞན་གྱིས་ཀློག་ཀྱང་མི་ཐུབ་པའི་ཚོད་དུ་ཡོད་པ་འདི་ཚབ་མི་ཆེ་བའི་དོན་དག་ཅིག་ག་ལ་ཡིན། ཡིག་རྨོངས་སེལ་བ་ཞེས་པའི་ཆ་རྐྱེན་ལ་འབྲི་ཀློག་གཉིས་ལ་དཀའ་ངལ་མེད་པ་ཞིག་དགོས་ཤིང་། རང་རེའི་འཛིན་གྲྭ་བཅུ་གཉིས་ལ་སོན་པའི་སློབ་མ་མང་པོ་ཞིག་ད་དུང་དེའི་ནང་ནས་འབྲི་བའི་དཀའ་ངལ་ལས་གྲོལ་མེད། ཡ་མི་མཚན་ནམ། འཛིན་གྲྭ་བཅུ་གཉིས་མཐར་ཕྱིན་པའི་གང་ཟག་ཅིག་ད་དུང་ཕྱེད་ཡིག་རྨོངས་ལ་བརྩི་དགོས་ན་ཅི་འདྲ་འདུག དེ་ནི་དབུ་མེད་འབྲི་བའི་ལམ་སྲོལ་འདི་ཡིག་གཟུགས་ཡག་པོ་འབྲི་མི་ཐུབ་པའི་དཀའ་ངལ་གྱི་གཞི་མ་ཡིན་པའི་རྟགས་མཚན་རེད།
༤ སྒྲུབ་བྱེད་བཞི་བ་ནི་རང་རེའི་ཡིག་གཟུགས་ལ་གུ་ཡངས་མེད་པ་འདི་ཡིན། དེ་ཡང་རང་རེས་ཡིག་གཟུགས་ཀྱི་མཛེས་དཔྱོད་རིག་པ་ལ་ནོར་འཁྲུལ་བྱུང་ཡོད་སྐོར་གོང་དུ་བཤད་པ་དེ་ལྟར་ཡིན། ལར་ནས་དབུ་མེད་ལ་གུ་ཡངས་མང་ན་ད་ལྟའི་དཀའ་ངལ་འདི་ལས་ཐར་ཐབས་མེད་པར་ཡང་སྣང་། འདི་ཡང་སློབ་མ་རྣམས་ཀྱིས་དབུ་མེད་འབྲི་དགོས་པའི་དབང་གིས་ཡིན་པ་ལས་དབུ་ཅན་ལ་གུ་ཡངས་ཡོང་ཆོག དབུ་མེད་ཀྱི་གཟུགས་འདི་ལ་གང་ཟག་དང་གང་ཟག་གི་ཁྱད་པར་མེད་པར་ཡིག་གཟུགས་གཅིག་ལས་གཞན་དུ་འབྲི་མི་ཆོག་པ་འདི་ཡིག་གཟུགས་(དབུ་མེད་)ཡག་པོ་མེད་པར་མཐོང་བའི་རྒྱུ་གཙོ་བོ་དེ་ཡིན། དབུ་མེད་ཀྱི་ཡིག་གཟུགས་ནི་ལོ་མང་རིང་གི་ལག་རྩལ་བསྡུས་པའི་ཉིང་བཅུད་ཅིག་ཡིན་པས་གཞི་རིམ་གྱི་སློབ་མས་ལོ་འགར་སྦྱང་ནས་ཐོན་རྒྱུ་ཞིག་མིན་པ་འདི་ཤེས་དགོས། གཞི་རིམ་གྱི་སློབ་ཕྲུག་ཕར་ཞོགས་ནར་སོན་པའི་མི་རྣམས་ཀྱིས་ཀྱང་ལོང་མང་དུ་སྦྱང་རུང་ཐོན་དཀའ་མོ་ཡོད་པ་འདི་ཡང་ངོས་ལེན་བྱེད་དགོས། ངོ་མ་བཤད་རང་རེའི་སློབ་ཕྲུག་ཚོས་དབུ་མེད་ཡིག་གཟུགས་འདི་ཙམ་འབྲི་ཐུབ་པ་ངོ་མཚར་བའི་གནས་ཤིག་ཡིན་པ་ལས་འདི་ཙམ་ལས་མ་འོང་བར་ཡ་མཚན་དང་ཡི་མུག་དགོས་པའི་དོན་ཞིག་ཡེ་ནས་མིན། འདི་ནི་ལག་རྩལ་ཅན་རྣམས་ཀྱིས་ལག་རྩལ་ངོམ་པའི་ཡོན་ཏན་ཞིག་ཡིན་པ་ལས། རང་འགར་བ་སུས་ཀྱང་འཇོན་པའི་རི་མོ་ཞིག་མིན། ལག་རྩལ་ཅན་གྱི་རྩལ་ལས་ཐོན་པའི་ཡོན་ཏན་ཞིག་ལས་སླ་བོར་ཅི་མ་ཡིན་གྱིས་ག་ལ་འཇོན། དེ་ནི་བསམ་ཤེས་བྱེད་ཐུབ་པ་ཞིག་ཀྱང་རེད། དེས་ན་གུ་ཡངས་ཅན་གྱི་ཡིག་གཟུགས་འབྲི་སླ་བ་དེ་ཟུར་དུ་བཞག་ནས་གུ་ཡངས་མེད་པའི་ཡིག་གཟུགས་སུ་མ་ཡིན་གྱིས་མི་འཇོན་པའི་ཡིག་གཟུགས་ཤིག་ལ་འཐམ་ན་འདི་འདྲ་བ་ཞིག་ལས་ཡོང་རྒྱུ་མེད་པ་ནི་རྟོགས་དཀའ་བ་ཞིག་མིན། འཇིག་རྟེན་ཁ་དཔེར་། སྟག་མཆོང་སར་ཝ་མཆོང་ན། ཝ་ལི་མའི་སྐེད་པ་ཆད་རོགས་ཡིན། ཞེས་ཟེར་སྲོལ་ཡོད།
༥ དབུ་མེད་འབྲི་བའི་ལམ་སྲོལ་འདི་ལག་ལེན་སྟར་སྟབས་གཞི་རིམ་སློབ་གྲྭའི་སྐབས་སུ་ཡིག་གཟུགས་ཐེངས་དྲུག་ཙམ་བརྗེ་དགོས་པ་འདི་ཡང་ཡིག་གཟུགས་ལེགས་པོ་མི་འབྱུང་བའི་རྒྱུ་མཚན་གལ་ཆེན་ཞིག་ཡིན། ལོ་རིམ་དང་པོ་ནས་བཅུ་གཉིས་པར་དུ་ཡིག་གཟུགས་གཅིག་རང་དུ་འབྲི་ཆོག་གི་ཡོད་ན་དབུ་མེད་དེ་དབུ་ཅན་ལས་འབྲི་དགའ་བ་ཡོད་རུང་། ལོ་དེ་ཙམ་དུ་ཡིག་གཟུགས་གཅིག་རང་ལ་གནས་ན་ཡིག་གཟུགས་ཡག་པོ་མི་འབྱུང་བའི་རྒྱུ་མཚན་ཆེར་མེད། འོན་ཀྱང་དབུ་མེད་འབྲི་སྲོལ་ལག་ལེན་སྟར་ཚུན་ཆད་ལ་དེ་ལྟར་ཡོང་ཐབས་མེད་པ་ཡང་དངོས་ཡོད་ཡིན། འཛིན་གྲྭ་དང་པོའི་སྐབས་སུ་འབྲི་བའི་ཚུགས་རིང་དེ་འཛིན་གྲྭ་བཅུ་གཉིས་སྐབས་སུ་བེད་སྤྱོད་བྱེད་ཐབས་ཡེ་ནས་མེད་ལ། འཁྱུག་ཡིག་འཛིན་གྲྭ་དང་པོར་སློབ་པ་ཡང་ཡོང་ཐབས་མེད།
གཞི་རིམ་སློབ་མའི་ཡིག་གཟུགས་ཇི་ལྟར་བརྗེ་བའི་རྒྱུད་རིམ་ཞིག་ཞུ་ནཿ འཛིན་གྲྭ་དང་པོ་དང་གཉིས་པར་ཚུགས་རིང་འབྲི་དགོས། འཛིན་གྲྭ་གསུམ་པར་སླེབས་སྐབས་དེ་བསྐྱུར་ནས་ཚུགས་ཐུང་འབྲི་དགོས། འཛིན་རིམ་ལྔ་བར་སླེབས་སྐབས་སླར་ཡང་དེ་སྐྱུར་ནས་ཡིག་གཟུགས་གསར་བ་ཞིག་འབྲི་དགོས་ཀྱི་ཡོད། དེ་ནས་འཛིན་གྲྭ་བདུན་པར་ཡིག་གཟུགས་གཞན་ཞིག་སྦྱོང་དགོས། འཛིན་རིམ་དགུ་བར་སླེབས་སྐབས་སླར་ཡང་ཡིག་གཟུགས་བརྗེས་ནས་ཚུགས་མ་འཁྱུག་འབྲི་དགོས། འཛིན་གྲྭ བཅུ་གཅིག་ལ་སླེབས་སྐབས་ད་དུང་ཡིག་གཟུགས་གསར་བ་འཁྱུག་ཡིག་འདི་འབྲི་དགོས་ཀྱི་ཡོད། དེའི་ཕྱིར་ངོ་ཐོག་བཤད་རང་རེའི་སློབ་ཕྲུག་ཚོས་ཡིག་གཟུགས་ཡག་ཐག་ཆོད་ཅིག་འབྲི་བཞིན་ཡོད་པ་ལས་ཁོང་རྣམས་ལ་ལེ་འདེད་ས་ཡེ་ནས་མེད། དེ་ལྟར་ལོ་བཅུ་གཉིས་ཀྱི་རིང་ལ་ཡིག་གཟུགས་ཐེངས་དྲུག་བརྗེ་དགོས་པ་འདིས་ཡིག་གཟུགས་གང་ཡིན་རུང་བྱང་ཆ་ལྡན་པ་ཞིག་སྦྱང་བའི་དུས་ཚོད་འཕྲོག་གི་ཡོད། དེར་བརྟེན་ཡིག་གཟུགས་ཡག་པོ་ཡོང་གི་མེད་ལ། ཡིག་གཟུགས་མ་ཕྱི་གཅིག་རང་ལས་འདའ་མི་ཆོག་པ་འདིས་ཡིག་གཟུགས་ཡག་པོ་མེད་པའི་སྣང་བ་སྟེར་གྱི་ཡོད། གལ་སྲིད་དབུ་ཅན་འབྲི་སྲོལ་ཡོད་ན་ལོ་བཅུ་གཉིས་ཀྱི་རྗེས་སུ་ཡི་གེ་འབྲི་བའི་དཀའ་ངལ་དེ་ཡེ་ནས་མེད།
འཕྲོས་དྲ་ངོས་གཞན་ལ་ཡོད་པས་འདིར་ནོན།
གཉིས་པ་ཡིག་གཟུགས་ཀྱི་དཀའ་ངལ་འདི་སེལ་ཆེད་བདག་གིས་བསམ་འཆར།
དེ་ཡང་རང་རེས་གཞི་རིམ་སློབ་གྲྭར་ཐོག་མར་ཀ་ཁ ནས་དབུ་ཅན་གྱིས་ཐོག་ནས་སློབ་དགོས། གལ་སྲིད་དབུ་ཅན་གྱིས་ད་ལྟའི་དབུ་མེད་ཀྱི་ཚབ་བྱས་ན་གོང་དུ་དྲངས་པའི་དཀའ་ངལ་འདི་དག་ཡོངས་རྫོགས་རང་བཞིན་གྱིས་འཇའ་ལྟར་ཡལ་ངེས་ཡིན། འདི་ཡང་ཅུང་ཟད་ཅིག་རྗོད་དགོས་པས་དེ་རྗོད་ནཿ ལར་ནས་ཕྲུ་གུ་ལས་དང་པོ་བ་ལ་དབུ་མེད་སློབ་རྒྱུ་འདི་བོད་རྒྱལ་ཡོངས་ཀྱི་ལུགས་སྲོལ་ཞིག་མིན་པར་སྔ་མོ་སྐུ་དྲག་གི་ས་ཁུལ་དབུས་ཕྱོགས་སུ་དར་བའི་ལུགས་སྲོལ་ཞིག་ཡིན་འདུག དེ་སྐབས་ནི་ད་སྐབས་ལྟར་དུས་ཚོད་ཀྱིས་མི་འདང་བའི་དཀའ་ངལ་མེད་ལ་སྐུ་དྲག་གི་མདུན་དུ་འབྲི་རྩལ་ངོམ་རྒྱུ་ཙམ་ལ་དམིགས་བསལ་གྱིས་དང་འདོད་ཡོད་སྟབས་ལུགས་སྲོལ་དེ་འདྲ་ཞིག་དར་བ་རེད། དེ་སྐབས་དབུ་མེད་དེ་དེ་ལྟར་ལག་རྩལ་གྱི་ཚུལ་དུ་འབྲི་བ་ཡིན་ཞིང་། དེ་དག་གིས་དབུ་ཅན་འབྲི་མཁྱེན་གྱི་ཡོད་འདུག དེ་ནས་ལུགས་སྲོལ་དུ་གྱུར་ནས་དབུ་མེད་ཁོ་ན་འབྲི་རྒྱུར་གྱུར་ཞིང་། དབུ་ཅན་འབྲི་རྒྱུའི་གོམས་སྲོལ་ཉམས་པ་ཡིན་འདུག
དེ་སྐབས་ཀྱི་སློབ་གྲྭ་རེ་གཉིས་ཡོད་པ་རྣམས་ཀྱང་འདི་དག་གི་དགོས་མཁོ་སྐོང་ཆེད་དུ་ཡིན་པ་ལས་མང་ཚོགས་ཀྱི་ཡིག་རྨོངས་སེལ་ཆེད་དུ་མིན། དེའི་ཕྱིར་ལུགས་སྲོལ་དེ་དེ་དུས་འོས་ཤིང་འཚམས་པ་ཞིག་ཡིན་མོད་། ད་སྐབས་ནི་དེ་ལྟར་མིན། སློབ་གྲྭར་སློབ་ཕྲུག་གཏོང་བའི་དམིགས་ཡུལ་ཡང་མང་ཚོགས་སམ་སྤྱི་ཚོགས་ཀྱི་ཡིག་རྨོངས་སེལ་ཆེད་དང་། དེང་སང་ལྷག་པར་དུ་མི་བདག་གི་ཁ་གསོ་ཆེད་མ་འོངས་འཚོ་བའི་ཆེད་དུ་ཡིན་པས་སྔང་གྱི་དམིགས་ཡུལ་དང་མི་འདྲ། སྔར་གྱི་ཕྲུ་གུ་སློབ་གྲྭར་བཏང་བ་དག་ནི་འདྲི་ཀློག་སྦྱོང་མཁན་སྤྱི་ཚོགས་ནང་དམིགས་བསལ་ཅན་གྱི་ཕྲུ་གུ་ཤ་སྟག་ཡིན་ཞིང་། ཡིག་རྩིས་གཉིས་སྦྱང་འབྲས་ལེགས་པོ་ཞིག་སོན་ན་གཞུང་ཞབས་སུ་འཛུལ་ཆེད་དུ་ཡིན་པ་དང་། དེའི་ཕྱིར་གྲངས་འབོར་ཀྱང་ཧ་ཅང་ཉུང་ཉུང་ཞིག་ལས་མི་དགོས། ད་སྐབས་ནི་སྐྱེ་བོ་རེ་རེ་བཞིན་མ་ལུས་པར་སློབ་གྲྭར་གཏོང་དགོས་པས་མང་ཆེ་བ་སྤྱིར་བཏང་གི་ཕྲུ་གུ་ཤ་སྟག་ཡིན། དེ་ཡིན་སྟབས་ཆ་རྐྱེན་ཀྱང་སྤྱིར་བཏང་ལ་ཁྱབ་པའི་གཞི་རྒྱ་ཆེ་བར་རན་པ་ཞིག་སྐྲུན་དགོས་པ་ལས་སྔར་གྱི་དམིགས་བསལ་ཅན་ཙམ་ལ་རན་པའི་ཆ་རྐྱེན་དེ་ཙམ་གྱིས་མི་འཐུས། དེ་ལྟར་གོང་དུ་རང་ཡུལ་མདོ་སྨད་དང་། འབྲུག་ཡུལ་ལ་དཔེ་བཞག་ནས་ཞུས་པ་ལྟར་སློབ་གྲྭ་ཁག་ཏུ་དབུ་ཅན་འབྲི་བའི་སྲོལ་གཏོད་ན་ཡིག་གཟུགས་ཀྱི་ཆ་ནས་སྐད་ཡིག་གཞན་གྱི་རྗེས་སུ་ལུས་པ་འདི་མི་འབྱུང་བ་ངེས་གཏན་ཡིན།
དེ་ལྟར་བྱས་ན་དབུ་མེད་ཤེས་མཁན་ཉུང་དུ་འགྲོ་ངེས་ཡིན་དགོངས་སྲིད། འོན་ཀྱང་འབྲི་ཀློག་གཉིས་ཀར་དཀའ་ངལ་མེད་པར་བཟོ་རྒྱུ་དེ་ཕྲུ་གུ་སློབ་གྲྭར་སྐྱེལ་བའི་དམིགས་ཡུལ་གཙོ་བོ་དེ་ཡིན་ཞིང་། དམིགས་ཡུལ་དེ་འགྲུབ་པར་གནོད་ཀྱི་ཡོད་ན་ནོར་བ་དང་། གནོད་ཀྱི་མེད་ན་ནོར་མེད་པ་ཡིན། དམིགས་ཡུལ་དེ་གྲུབ་པའི་རྗེས་སུ་དབུ་མེད་ཀྱི་ཡིག་གཟུགས་ནི་འབྲེས་ཤེས་བཟང་མོད། མ་ཤེས་ཀྱང་མི་འགྲིག་པ་ཞིག་མིན། འོནཀྱང་དབུ་མེད་ཀྱི་ཡིག་གཟུགས་འདི་བོད་ཀྱི་རིགས་གཞུང་གི་ངོམ་ཆོས་ཤིག་ཡིན་སྟབས་ཉམས་སུ་འཇུག་འོས་པ་ཞིག་ག་ལ་ཡིན། ལར་ནས་དེ་སྒྱུ་རྩལ་གྱི་ཁོངས་སུ་གཏོགས་པ་ཞིག་ཡན་པས་སྤྱིར་ན་འདི་སྐྱེ་བོ་ཐམས་ཅད་ཀྱིས་གཅིག་མཚུངས་སུ་འཇོན་པ་ཞིག་མིན་པ་དང་། འཇོན་མཁན་ཡང་ཇི་སྲིད་བོད་རིགས་གནས་པ་དེ་སྲིད་དུ་ཡོད་ངེས་ཡིན་པས་འདི་ལ་བདག་པོ་རྒྱག་མཁན་རང་བཞིན་གྱིས་ཡོང་ངེས།
འགའ་ཞིག་གིས་དབུ་ཅན་ནི་འབྲི་དཀའ་བས་གཞི་རིམ་སློབ་གྲྭར་འཚམས་སྦྱོར་བྱེད་མི་འོས་ཞེས་གསུང་ངེས། སྤྱིར་ན་འབྲི་དཀའ་སླ་ནི་སྦྱང་བ་སོང་མིན་ལ་ཐུག་ལོས་ཡོད། མ་གཞི་སྦྱང་བ་གཅིག་མཚུངས་སུ་སོང་བའི་དབུ་ཅན་འབྲི་མཁན་ཞིག་དང་། དབུ་མེད་འབྲི་མཁན་ཞིག་གཉིས་ལ་མགྱོགས་ཞན་ཁྱད་པར་ཡེ་ནས་མེད་ཟེར་མཁན་ཀྱང་ཡོད་མོད། བདག་གིས་དྲང་པོར་བསམ་ན་དེ་གཉིས་ལ་ཆ་སྙོམས་ཀྱི་མགྱོགས་ཞན་ཅུང་ཟད་ཡོད་པར་ཁས་ལེན་འདོད། མ་གཞི་འདི་ལ་སྐར་མའི་གྲངས་དང་སྡེབས་ཀྱི་གྲངས་གཉིས་ཀ་ལ་བཅལ་ནས་སུ་མགྱོགས་བརྟག་དཔྱད་བྱེད་མྱོང་ལ། དེ་སྐབས་ ‘བསྒྲུབས’་ལྟ་བུ་ཚུགས་མང་ཤོས་ཅན་གྱི་སྐབས་སུ་སྐར་ཆ་གཅིག་ཙམ་ཁྱད་པར་ཡོད་མེད་ལྟ་བུ་ཡིན་པ་ཤེས་རྟོགས་བྱུང་། འོན་ཀྱང་ད་དང་། ང་། ས་སོགས་འབྲི་བཅུག་ན་དབུ་མེད་འབྲི་མགྱོགས་པ་འདུག་པས་དབུ་ཅན་དང་དབུ་མེད་གཉིས་ཀྱི་བར་ལ་འབྲི་མགྱོགས་ཞན་གྱི་ཆ་སྙོམས་ལ་བསམ་ན་དབུ་མེད་འབྲི་མགྱོགས་པ་ཡོད་པར་མཐོང་། ལྷག་པར་དུ་མགྱོགས་བྲིས་འགྲན་སྡུར་ལྟ་བུ་ཞིག་བྱས་ན་དབུ་མེད་འབྲི་མཁན་གྱིས་རྒྱལ་ཁ་ལེན་པར་བདག་འདོད།
འོན་ཀྱང་ཕན་གནོད་འབྲེལ་བའི་མགྱོགས་ཞན་ནི་གང་ཡང་མེད། མི་དེ་འདྲ་གཉིས་ཀྱིས་ཆུ་ཚོད་རེ་གཉིས་ལ་མུ་མཐུད་ནས་བྲིས་ན་སྐར་མ་ཁ་ཤས་ཀྱི་ཁྱད་པར་ཡོང་སྲིད་ན་ཡང་། སློབ་གྲྭ་དང་གཞན་ཡང་མི་བདག་གི་སྤྱི་ཚོགས་དང་འཚོ་བའི་ནང་དུ་དེ་འདྲའི་གོ་སྐབས་ཤིག་ནི་ཧ་ཅང་དཀོན་པོ་ཡིན། ནག་པར་ལས་ཟིན་བྲིས་ཤིག་བཤུ་དགོས་ན་མང་མཐར་སྐར་མ་བཅོ་ལྔ་ཙམ་བར་མཚམས་མེད་པར་འབྲི་དགོས་སྲིད། དེའི་རིང་མགྱོགས་ཞན་གྱི་ཁྱད་པར་གང་ཡང་སྟོན་མི་ཐུབ། བསྟན་རུང་སྐར་ཆའི་གྲངས་ཀ་ཙམ་ཡིན་པས་ཕན་གནོད་འབྲེལ་བ་གང་ཡང་བྱེད་མི་ཐུབ། ལར་ནས་དེང་སྐབས་བོད་ཀྱི་རྩོམ་རིགས་ཀྱི་ཕོན་ཆེ་བ་མདོ་སྨད་ཕྱོགས་ནས་འདོན་བཞིན་ཡོད་པ་ལས་དབུས་ཕྱོགས་སུ་འབྱུང་གི་མེད། མདོ་སྨད་ཕྱོགས་སུ་དབུ་ཅན་གྱིས་བྲིས་སྟབས་འབྲི་འགོར་ནས་རྩོམ་པ་པོ་ཚོས་བརྩམས་ཆོས་ཉུང་དུ་སོང་བའི་སྣང་ཚུལ་གང་ཡང་མངོན་རྒྱུ་མེད། དེ་ལས་ལྡོག་པར་བྱུང་ཡོད།
དབུ་ཅན་གྱི་ཡིག་གཟུགས་འདི་བྲི་བར་དབུ་མེད་ལས་ལྡབ་འགྱུར་གྱིས་སླ་བའི་རྟགས་གཞན་ཞིག་ནིཿ གོང་དུ་ཞུས་པ་བཞིན་གུ་ཡང་དོགས་དང་། ལག་རྩལ་ཟབ་ཞན་སོགས་རྒྱུ་མཚན་མང་། དེའི་དཔེ་ཙམ་མཚོན་ཕྱིར་འདིར་སློབ་ཕྲུག་ཅིག་གིས་བྲིས་པའི་དབུ་ཅན་གྱི་ཡིག་གཟུགས་ཤིག་ཟུར་དུ་ཕུལ་ཡོད་པ་འདིར་གཟིགས། སློབ་ཕྲུག་འདི་ནི་འཛིན་གྲྭ་བརྒྱད་པ་ནས་ཡིན་ཞིང་དམིགས་བསལ་གྱིས་ཡིག་གཟུགས་དང་སློབ་སྦྱོང་བརྩོན་འགྲུས་བཟང་དུ་ཐོན་པའི་གྲས་ཤིག་ཡེ་ནས་མིན། སྤྱིར་བཏང་བ་ཞིག་ཡིན། ཁོའི་སློབ་པའི་དུན་ཡུན་དུ་ཡིག་གཟུགས་འདི་འབྲི་བའི་དགོས་པ་ཉི་མ་གཅིག་ཀྱང་མེད་པས་ཆེད་དུ་སྦྱང་བ་བྱས་པ་ནམ་ཡང་མེད་མོད་ད་དུང་ཁོས་དབུ་ཅན་འདི་འདྲ་ཞིག་འབྲི་ཐུབ་ན་སྔོན་འགྲོའི་སློབ་གྲྭ་ནས་དབུ་ཅན་འདི་སྦྱང་ན་འཛིན་གྲྭ་འདི་ཙམ་ལ་སླེབས་སྐབས་དབུ་ཅན་བྱང་ཆུབ་པ་ཞིག་འབྲི་ཐུབ་པ་དང་། མདོར་ན་ཀློག་པའི་དཀའ་ངལ་མེད་ན་འབྲི་བའི་དཀའ་ངལ་ཡེ་ནས་མེད་པ་ཞིག་འབྱུར་རྒྱུ་ཉག་ཅིག་ཡིན་པའི་ཚོད་དཔག་ལས་སླ་བོར་བྱེད་ཐུབ་པ་ཞིག་རེད།
འཕྲོས་དྲ་ངོས་གཞན་ལ་ཡོད་པས་འདིར་ནོན།
གནོད་པ་མེད་པའི་སྦྱང་ཤིང་གི་འོས་འཚམས་ཀྱི་བསམ་འཆར།
ཅི་སྟེ་སྦྱང་ཤིང་ནི་ངེས་པར་དུ་འཚམས་སྦྱོར་བྱེད་དགོས་ན་དུས་སྐབས་འདིར་གཞི་རིམ་སློབ་གྲྭ་ལས་སྔོན་འགྲོའི་སློབ་གྲྭར་འཚམས་སྦྱོར་བྱེད་པ་ཤིན་ཏུ་འཚམས། རང་གཞུང་ཤེས་རིག་ལས་ཁུངས་སྲོལ་རྒྱུན་རིག་གནས་སྡེ་ཚན་གྱིས་བཏོན་པའི་ལས་རིམ་ཡིག་གཟུགས་སྦྱང་ལ་འབྲི་བའི་ལམ་སྲོལ་ཉམས་གསོ་བྱེད་པ་འདི་རྦད་དེ་ནོར་བརྩི་ག་ལ་དགོས། བདག་གི་བསམ་པར་གལ་སྲིད་སྦྱང་ཤིང་གི་ཐལ་བ་དག་གིས་ཕྲུ་གུའི་འཕྲོད་བསྟེན་ལ་མི་གནོད་པའི་ངེས་གཏན་བྱུང་བ་འམ་ཐལ་བ་མེད་པའི་སྦྱང་ཤིང་ཞིག་གསར་གཏོད་བྱེད་ཐུབ་ན་སྦྱང་ཤིང་ལ་ཡིག་གཟུགས་སྦྱོང་རྒྱུ་འདི་སྔོན་འགྲོའི་སློབ་གྲྭ་དག་གི་དགོས་ངེས་ཀྱི་སྦྱང་བྱར་བཞག་ན་དགེ་མཚན་ཧ་ཅང་ཆེ། དེ་ཡང་ད་ལྟ་སློབ་ཕྲུག་རྣམས་ཀྱིས་ཡིག་གཟུགས་ལེགས་པོ་ཞེས་སུ་གྲགས་པ་དེ་མི་ཡོང་བའི་རྒྱུ་རྐྱེན་ཆེས་ཆེ་བ་ཞིག་ནི་སྨྱུ་གུའི་འཐེན་ཕྱོགས་དང་། སྨྱུ་གུའི་ཚུགས་མང་ཉུང་ཇི་བཞིན་མི་ཤེས་པ་ལ་གནད་འགག་ཐུག་འདུག ཕྲུ་གུ་རང་ལོི་གསུམ་ནས་དྲུག་པར་ལོ་གསུམ་གྱི་རིང་ལ་ཡིག་གཟུགས་ཐལ་བ་མེད་པའི་སྦྱང་ཤིང་ངམ་གནོད་པ་མེད་པའི་སྦྱང་ཤིང་གིས་སྦྱོང་རྒྱུ་བྱས་ན་དུས་ཚོད་ཀྱིས་མི་འདང་བའི་དཀའ་ངལ་ཡང་མེད་ལ། སྨྱུག་ཁ་འཐེན་ཕྱོགས་དང་། ཚུགས་མང་ཉུང་གི་རྣམ་བཞག་ཀྱང་རེ་རེ་བཞིན་སློབ་ཆོག སྦྱང་ཤིང་ཐོག་ཏུ་ཡིག་གཟུགས་རག་པ་ཡོད་སྟབས་ཕྲུ་གུའི་ཀླད་པར་འཇུག་བདེ་བ་སོགས་མདོར་ན་སྦྱང་ཤིང་གི་དགེ་མཚན་ཚང་མ་སྐབས་འདིར་མངོན་ཐུབ། འཛིན་གྲྭ་དེའི་སྒང་དུ་བྱས་ན་སྦྱང་ཤིང་གི་སྐྱོན་རྣམས་མཐོང་ཡོང་།
སྔོན་འགྲོའི་སློབ་གྲྭའི་སྐབས་སུ་བྱིས་པ་རྣམས་ཀྱིས་ཡི་གེ་བྱེ་བྲག་ཅིག་གི་སྨྱུག་ཁ་འཐེན་ཕྱོགས་དང་མང་ཉུང་གི་རྣམ་བཞག་དེ་ཤེས་ཐུབ་དགོས། འདི་མ་ཐུབ་པའི་དབང་གིས་ཕྲུ་གུ་འཛིན་གྲྭ་དང་པོར་སླེབས་སྐབས་ཡིག་གཟུགས་འབྲི་བའི་རྨང་གཞིའི་ཤེས་བྱ་འདི་རིགས་དུས་ཡུན་རིང་པོར་སློབ་པའི་དུས་ཚོད་ཉུང་བ་ཡོད་སྟབས་གནད་དུ་སྨིན་པོ་ཞིག་མི་འབྱུང་། འཛིན་གྲྭ་གཉིས་པར་སླེབས་སྐབས་དེ་ལས་ཉུང་། གསུམ་པར་སླེབས་སྐབས་དེ་ལས་ཉུང་ཞིང་། མུ་མཐུད་དེ་འཛིན་གྲྭ་འཕར་རིམ་བཞིན་ཡིག་གཟུགས་སྦྱོང་བའི་དུས་ཚོད་ཇེ་ཉུང་ཡིན། མཐར་ཡིག་གཟུགས་ཀྱི་རྨང་གཞི་ལེགས་པོ་ཞིག་མེད་སྟབས་ཡིག་གཟུགས་ལེགས་པོ་ཞིག་མི་འོང་བའི་རྒྱུ་མཚན་དེ་ལྟར་འབྱུང་གི་ཡོད།
གནད་དོན་འདི་ས་ཁུལ་ཀུན་ལ་གཅིག་མཚུངས་སུ་ཡིན་པར་སྣང་སྟེ། ས་གནས་འདིར་སྔོན་འགྲོའི་སློབ་གྲྭ་རྣམས་བོད་ཕྲུག་ཁྱིམ་སྡེས་འཛིན་སྐྱོང་བྱེད་བཞིན་ཡོད་མོད། སྔོན་འགྲོའི་དགེ་རྒན་རྣམས་ལ་ཟབ་སྦྱོང་ཚད་ལྡན་ཞིག་འབུལ་ཐུབ་ཀྱི་མེད་པའམ། ཡང་ན་ཡིག་གཟུགས་ཀྱི་སྨྱུག་ཁ་དང་ཚུགས་ཁའི་སྐོར་ལ་དེ་ཙམ་གཟབ་ནན་གྱིས་ཟབ་སྦྱོང་གནང་གི་མེད་པ་འདྲ། རྩིས་རིག་དང་དབྱིན་ཇི་ལ་བདག་གིས་འདིར་དམིགས་བསལ་མི་བཤད་ཅིང་། སྐབས་སུ་བབས་པ་བོད་ཡིག་གི་ཤེས་ཚད་ལ་སྔོན་འགྲོའི་སྐབས་སུ་ཇི་ལྟར་དགོས་ངེས་ཀྱི་ལམ་སྟོན་ངེས་གཏན་ཞིག་མེད་པ་འདྲ། ལར་ནས་རང་རེའི་ཤེས་ཡོན་སྲིད་ཇུས་ནང་དུ་ཡང་གསལ་ཁ་དགོས་ངེས་མེད་པ་ནི་མཚར་བའི་ཚོད་དུ་སྣང་། གང་ལྟར་འཛིན་གྲྭ་དང་པོར་མ་སླེབས་གོང་སྔོན་འགྲོ་ལོ་གསུམ་གྱི་རིང་ལ་ཀ་མད་སུམ་ཅུ། དབྱངས་བཞི། ར་མགོ་བཅུ་གཉིས། ལ་མགོ་བཅུ། ས་མགོ་བཅུ་གཅིག ཡ་བཏགས་བདུན། ར་བཏགས་བཅུ་བཞི། སྐྱ་སོགས་སུམ་རྩེག་ཅན་བཅུ་གཅིག་བཅས་ཁྱོན་ཡིག་འབྲུ་དགུ་བཅུ་གོ་ལྔ་ལ་དབྱངས་བཞི་དང་སྔོན་འཇུག་དང་རྗེས་འཇུག་བཅུ་གང་སྦྱར་ནས་ཀློག་སྟངས་ཤེས་འགྲིག་པ་ཡིན། དེ་མ་ཤེས་ཀྱང་ཡིག་འབྲུ་དགུ་བཅུ་གོ་ལྔ་བོ་འབྲི་ཀློག་ཚུལ་བཞིན་ཤེས་དགོས་ཀྱི་འདུག
འབྲི་བ་ལ་ཀ་མད་སུམ་ཅུ། དབྱངས་བཞི། འདོགས་གསུམ། མགོ་ཅན་གསུམ། སུམ་རྩེག་བརྒྱད་བཅས་ཁྱོན་ཡིག་འབྲུ་བཞི་བཅུ་ཞེ་བརྒྱད་འབྲི་ཚུལ་ཤེས་ན་དེས་འགྲིག་པ་ཡིན། གཙོ་བོ་ཡིག་གཟུགས་ཀྱི་སྨྱུག་ཁ་འཐེན་ཕྱོགས་དང་། ཚུགས་མང་ཉུང་གི་གནད་དེ་སྔོན་འགྲོའི་སྐབས་འདིར་ངེས་པར་དུ་ཤེས་དགོས་ཀྱི་འདུག བརྗོད་པ་རྒྱག་སྟངས་སོགས་འཛིན་གྲྭ་དང་པོའི་སྐབས་སུ་སློབ་ཆོག དེང་སྐབས་འདི་འདྲ་མེད་སྟབས་བོད་ཡིག་གི་ཡིག་གཟུགས་ལ་ཡང་སྐྱོན་བྱེད་ཀྱི་ཡོད། ད་ལྟའི་འགྲོ་བཞིན་པའི་ཤེས་ཡོན་སྲིད་ཇུས་གནས་སྟངས་འདི་འདྲ་ཞིག་གི་འོག་འཛིན་གྲྭ་དང་པོར་སླེབས་སྐབས་ཀློག་སྟངས་མ་བསླབས་ན་འགྲིག་ཐབས་མེད་ལ། དེ་ལ་དུས་ཚོད་ག་ཚོད་སྦྱིན་དགོས་པ་དེ་འབྲི་སྟངས་སློབ་པའི་དུས་ཚོད་ནས་ལེན་རྒྱུ་ལས་དུས་ཚོད་གསར་བཟོ་བྱེད་རྒྱུ་ནི་མེད།
དེའི་ཕྱིར་སྔོན་འགྲོའི་སྐབས་སུ་ཡིག་གཟུགས་ཀྱི་གཞུང་ལུགས་ལ་གནད་དུ་བསྣུན་ནས་སྦྱོང་རྒྱུ་གལ་ཆེ་ལ། དེ་ལ་སྦྱང་ཤིང་གིས་ཞབས་འདེགས་ཞུ་ཐུབ་ན་དུས་ལ་བབས་པར་སྣང་། དེས་འཛིན་གྲྭ་དང་པོར་ཕན་ཞིང་། དེས་གཉིས་པ་སོགས་རིམ་བཞིན་རྒྱུན་བཏུད་ནས་ཕན། གལ་སྲིད་སྦྱང་ཤིང་ལ་འབྲི་བ་འདི་གཞི་རིམ་སློབ་གྲྭར་ལག་ལེན་སྟར་དགོས་པའི་ཨུ་ཚུགས་མཐའ་སྐྱེལ་གནང་ན། དེ་ནི་མི་ལ་སྟོན་རྒྱུ་ཙམ་དང་། དཔར་ལེན་ཆེད་ཙམ་ལས་ལག་ལེན་གསོན་པོར་གསོས་སུ་སྨན་པ་ཞིག་ཡོང་མི་ཐུབ། དེའི་དབང་གིས་གཞུང་སྒེར་གྱི་འགྲོ་སོང་ཡང་ཆུད་ཟོས་སུ་འགྲོ་རྒྱུ་ཉག་ཅིག་ཡིིན། དེའི་ཕྱིར་སྦྱང་ཤིང་གསར་དུ་འཚམས་སྦྱོར་བྱས་པའི་གྲུབ་འབྲས་བཟང་ཤོས་ནི་སྔོན་འགྲོའི་སློབ་གྲྭར་འབྱུང་ངེས་ཡིན་ཞེས་བདག་གིས་ཉམས་མྱོང་ལས་བྱུང་བའི་སྐད་ཆ་དུམ་བུ་འདི་ཤུགས་ཀྱིས་སྒྲོག་འདོད་དོ།
ལར་ནས་ཡིག་གཟུགས་ཀྱི་དཀའ་ངལ་འདི་བཙན་བྱོལ་བ་ལ་སྒོས་རྡིབ་ཅིག་མིན་པར་དེང་རབས་འཛམ་གླིང་ཡར་ཐོན་ཅན་ཐེ་བའི་ཡུལ་གྲུ་ཀུན་གྱི་དཀའ་ངལ་ཞིག་ཡིན་མོད། ཡར་ཐོན་གྱི་རྒྱལ་ཁབ་དེ་དག་ཏུ་གང་ཟག་བྱེ་བྲག་པ་རེ་རེ་བཞིན་ཡིག་གཟུགས་ལ་མཆོག་ཏུ་གྱུར་བ་ཞིག་ཡིན་དགོས་པའི་གལ་གནད་དེ་ཡང་འཛིན་གྱི་མེད་པར་མཐོང་། གློག་ཀླད་དར་ཤུགས་ཆེ་བའི་དབང་གིས་གཞི་རིམ་སློབ་གྲྭའི་སྐབས་སུ་ཡིག་གཟུགས་ལ་དམིགས་སུ་བཀར་ནས་དོ་སྣང་མ་བྱས་པ་བཅས་ཀྱི་དབང་གིས་མི་ཚང་མར་ཡིག་གཟུགས་ལེགས་པོ་ཞིག་མ་བྱུང་བ་ཡིན་ཞིང་། རང་རེའི་བཙན་བྱོལ་བའི་ཡིག་གཟུགས་ཡག་པོ་ཞེས་པ་དེ་མི་འབྱུང་བའི་རྒྱུ་མཚན་ནི་དེ་དག་གསུམ་ཀའི་སྒང་དུ་ད་དུང་རྒྱུ་རྐྱེན་གཞན་ཞིག་ཀྱང་ཡོད། དེ་ནི་རང་རེའི་ཡི་གེ་སློབ་སྟངས་དེ་རིགས་པའི་ངེས་སྲོལ་གྱི་ཁྲིམས་གཞི་ཞིག་གི་ལྡོག་ཕྱོགས་སུ་གཏད་ནས་འགྲོ་ཡི་ཡོད་པའི་དབང་གིས་ཡིན།
དེ་ཡང་གསལ་བོར་བཤད་ན་སློབ་གྲྭའི་ནང་དུ་དབུ་ཅན་མི་སློབ་པར་དབུ་མེད་སློབ་པ་འདིར་ཐུག་ཡོད། དབྱིན་ཇི་དང་། ཉི་ཧོང་བ་སོགས་བདག་གིས་གོ་མྱོང་བའི་ལུང་པ་ཚང་མར་ཐོག་མར་ཡིག་ཆེན་སློབ་པ་ལས་ཡིག་ཆུང་མི་སློབ། རང་རེས་དེ་དག་ལས་གོ་ལྡོག་པའི་བྱ་བ་ཞིག་བྱེད་ཀྱི་ཡོད་ཅིང་། དེའི་དབང་གིས་རང་རེར་ཉམས་ཆག་ཀྱང་འདི་འདྲ་ཞིག་བྱུང་བ་ཡིན། དེ་ཡང་དབུ་མེད་ནི་བྱིས་པ་རྩ་མདུད་ལེགས་པར་མ་གྲོལ་བའི་ལག་པས་ཐོན་རྒྱུ་ཞིག་མིན། འདི་ནི་དར་མ་རྩལ་ལག་ཡོངས་སུ་བྱང་བ་དག་གིས་དབུ་མེད་ལེགས་པོ་ཞིག་འབྲི་བར་ལོ་ནས་ལོ་མཐུད་པའི་དངུལ་ཆུ་ཕོར་བར་འཇལ་དགོས་པ་ད་ལྟ་མངོན་སུམ་རེད། རང་ཉིད་ཐེ་བའི་དགེ་རྒན་གྲངས་ག་ཙམ་གྱིས་ད་དུང་ཡང་ཡིག་གཟུགས་ལེགས་པོ་ཟེར་བ་དེ་མི་འཐོན་པ་ཟུར་བལྟས་ལེབ་མཐོང་རེད། ང་ལྟ་བུ་རང་ཉིད་ཀྱི་ཆེད་ལས་དེ་ཡིག་གཟུགས་དང་ཐད་ཀར་འབྲེལ་བ་ཡོད་མཁན་ཞིག་ལ་ཡིག་གཟུགས་འདི་འདྲ་ཞིག་ལས་ཡོང་མ་ཐུབ་ན་མི་མང་མང་ཚོགས་བྱིངས་ལ་ཡིག་གཟུགས་དེ་འདྲ་ཞིག་ཡོང་བའི་རེ་བ་ག་ཡོད། དེའི་ཕྱིར་དབུ་ཅན་ནི་བོད་ཀྱི་ཡི་གེའི་རྨང་གཞིའི་གཟུགས་ཡིན་ཞིང་། དེ་ནི་གཞི་རིམ་སློབ་མས་འབྲི་ཐུབ་ལ་དེ་རྗེས་ཀྱི་མིས་ཀྱང་འབྲི་ཐུབ། བོད་ཀྱི་ཡིག་གཟུགས་འདིར་སློབ་གྲྭ་མཐར་ཕྱིར་ཚར་བའི་རྗེས་ལ་ཆེད་དུ་མངགས་ནས་འབད་བརྩོན་སྦྱོང་དགོས་ཀྱི་ཡོད། སློབ་གྲྭ་མཐར་ཕྱིན་པ་དང་ལྷན་དུ་ཡིག་རིགས་གཞན་ལ་བྲིས་མཐར་ཕྱིན་པ་ཡིན་ན་ཡང་། བོད་ཡིག་ལ་ད་དུང་བྲིས་མཐར་ཕྱིན་མེད། གནད་དོན་འདི་དང་འདི་འདྲ་བ་ཞིག་གང་དང་གང་དུ་ལྷག་རུང་དེ་ནི་དེ་དང་དེ་འདྲ་བའི་སྐྱོན་དུ་འགྲོ་བ་ཡང་ཡིན། དེའི་རྒྱུ་རྐྱེན་གང་རེད་ཅེ་ན། ངས་དབུ་མེད་རེད་ཅེས་རྗོད་འདོད།
གང་ཟག་ཅིག་གཞུང་ཞབས་སོགས་བོད་ཡིག་དང་འབྲེལ་བའི་ས་མིག་ཅིག་ཏུ་ལས་ཀ་རག་སྐབས་ཁོང་ཚོས་ཆེས་དཀའ་བའི་གནད་ནི་བོད་ཀྱི་ཡིགགཟུགས་འདི་ཡིན་ལ། ཡར་རྒྱས་གཏོང་ཐབས་ཀྱི་འབད་བརྩོན་མང་ཤོས་ཀྱང་ཡིག་གཟུགས་འདི་ལ་བྱེད་ཀྱི་ཡོད། གང་ལགས་ཤེ་ན་ཡིག་གཟུགས་ནི་ཐོག་དང་པོར་མི་ཡིས་མཐོང་ཐུབ་པའི་ཡོན་ཏན་དེ་ཡིན་པས་གཞོན་སྐྱེས་རྣམས་ཀྱིས་ཡིག་གཟུགས་ལེགས་པོ་ཞེས་པ་དེ་མེད་ན་ཉམས་གཞན་ལས་དམད་པར་ཚོར་གྱི་ཡོད། ནང་དོན་ལེགས་པོ་ཞིག་མེད་རུང་དེ་ནི་འགེབས་ཐབས་བྱེད་ཐུབ་ཀྱི་ཡོད་ཅིང་། ཡིག་གཟུགས་ནི་འགེབས་མི་ཐུབ་པས་སྦྱང་བརྩོན་མང་ཤོས་བྱེད་རྒྱུ་མཚན་ཡང་དེ་རེད། དེས་དུས་ཚོད་མང་ཤོས་ལེན་གྱི་ཡོད། གནས་ཚུལ་འདི་སཱ་རར་ལས་བྱེད་དང་དགེ་རྒན་ཟབ་སྦྱོང་བ་དག་གིས་ར་སྤྲོད་བྱེད་ཀྱི་ཡོད་པ་མང་པོ་ཞིག་གིས་དོ་སྣང་བྱུང་ཡོད་སྲིད།
བདག་གི་བསམ་འཆར་འདི་འགྲུབ་པའི་རེ་བ་མེད། གང་ལགས་ཤེ་ན། འདི་ལག་སྟར་བྱེད་པ་ལ་འབྲེལ་བའི་གོང་རིམ་དང་། དགེ་རྒན་རྣམས་པ་ཡོངས་ལ་རང་ཉིད་ལ་ཆ་རྐྱེན་དེ་ལྡན་མེད་སྟབས་ཁག་འཕྲི་སྣ་ཚོགས་འཚོལ་ཞིང་། རྒྱུ་མཚན་སྣ་ཚོགས་དྲངས་ནས་རང་ཉིད་ལ་གང་བདེ་བ་དེ་བཟང་བར་སྒྲུབ་ངེས་ཡིན། མཐར་ཞུ་རྒྱུར་ངས་རང་ཉིད་ཀྱིས་དབུ་ཅན་གྱི་ཡིག་གཟུགས་ལེགས་པར་འབྲི་མི་ཤེས་ན་ཡང་གཟུ་བོའི་བློ་ལ་འབྱུང་འགྱུར་བོད་རིགས་ཡོངས་ལ་གང་ཞིག་བཟང་བར་འཆར་བ་དེ་གསོང་བོར་བརྗོད་པ་ལགས་སོ།།
ཕྱི་ལོ་༢༠༠༥་ལོར་ཧུན་སུར་ནས་བྲིས།

No comments:

བཀླགས་མང་ཤོས།

ཟིན་བྲིས་བཀླགས་གྲངས་ཁྱོན་སྡོམ།

དཔར་རིས་འགྲེམ་སྟོན།

དཔར་རིས་འགྲེམ་སྟོན།
ངའི་བུ་མོ་སློབ་གྲའི་རྩེད་མོའི་ཉིན་མོ་ཨང་གཉིས་པ་ཐོབ།

ང་རང་གི་སྐོར།

My photo
I am a Tibetan, and a teacher. I have a dream that we have a unified Tibetan language. I see there is a way for this. རེ་བ་འདི་འགྲུབ་མི་སྲིད་པ་ཞིག་མིན་ལ། འདིའི་ལམ་སྣེ་གུས་པའི་ལག་ཏུ་ཡོད། དེ་ནི་ཁོ་བོས་བྲིས་པའི་(སྒྲ་སྒྲུབ་རིག་པ)ཡི་ནང་དུ་གསལ་ཡོད།